བཀྲ་ཤིས་རྟགས་བརྒྱད།

༄༅། བཀྲ་ཤིས་པའི་མཚོན་བྱེད་རྟགས་བརྒྱད་ཀྱི་རི་མོའི་མཚོན་དོན་རྣམས་མདོར་བསྡུས་ཙམ་བརྗོད་པར་བྱ་བ་ལ་སྤྱིར་དེ་དག་སོ་སོའི་སྐབས་སུ་བབས་པའི་མཚོན་དོན་འདི་དང་འདི་ཁོ་ན་ཞེས་སྨྲ་བར་མི་ནུས་ཀྱང༌ད་ལམ་གཡང་སྐྱབས་ནོར་བུ་ཆ་བདུན་གྱི་གཡང་རྫས་འགྲེལ་བཤད་ནང་གསུངས་པའི་ལུགས་ལྟར་ན།

༡༽ གདུགས།

འགྲོ་བའི་ཉོན་མོངས་དུག་གསུམ་གྱི་ཚ་གདུང་སེལ་བར་བྱེད་པ་མཚོན།

༢༽ གསེར་ཉ།

གཡང་རྣམས་ཉེས་པའི་སྐྱོན་སྤངས་པར་བྱེད་པ་མཚོན།

༣༽ བུམ་པ།

ཡོན་ཏན་བཅུད་ཀྱིས་གང་ཞིང་རྣམ་དཀར་བསོད་ནམས་ཀྱི་རྟེན་བྱེད་པ་མཚོན།

༤༽ པདྨ།

སྲིད་པར་གནས་ཀྱང་སྲིད་པར་མ་ཆགས་པར་ལས་ཉོན་གྱི་དྲི་མས་མ་གོས་པ་མཚོན།

༥༽ དུང་དཀར་གཡས་འཁྱིལ།

དམ་པའི་ཆོས་ཀྱི་སྒྲ་སྒྲོག་པའི་ཚངས་པའི་གསུང་དབྱངས་མཚོན།

༦༽ དཔལ་བེའུ་པ་ཊ།

ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང༌། ཡེ་ཤེས་ལྔ་ཡི་དཔལ་དང་ལྡན་པ་མཚོན།

༧༽ རྒྱལ་མཚན།

ཕ་རོལ་བདུད་དང་མུ་སྟེགས་ཕམ་པར་བྱས་ཏེ་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་མཚོན།

༨༽འཁོར་ལོ།

བརྗོད་བྱ་སྡེ་སྣོད་གསུམ་དང༌རྗོད་བྱེད་བསླབ་པ་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་མཚོན།