བཅོ་ལྔ་མཆོད་པ།

བོད་ཟླ་༡ ཚེས་ ༡༥ ཉིན་བཅོ་ལྔ་མཆོད་པ་ཞེས་ཆོ་འཕྲུལ་དུས་ཆེན་གྱི་དངོས་གཞིའི་ཉིན་མོ་ཡིན་ཞིང། ཉིན་འདིའི་དགོང་དྲོ་ལྷ་སའི་བར་སྐོར་གྱི་ཁོར་མོ་ཡུག་ཏུ་བོད་གཞུང་དང། རྩེ་རྣམ་རྒྱལ་གྲྭ་ཚང་། གདན་ས་ཆེན་པོ་གསུམ། རྒྱུད་གྲྭ་སྟོད་སྨད། སྡེ་དཔོན་མི་དྲག་ཁག་བཅས་ཀྱིས། མར་ཚོན་གྱི་མཆོད་པ་ངོ་མཚར་ཅན་ཐོག་བརྩེགས་གསུམ་ལྷག་ལོན་པ་སྒྲིག་གཤོམ་གྲ་རྒྱས་ཞུ་གི་ཡོད་ཅིང། མར་ཚོན་གྱི་མཆོད་པའི་ངོས་སུ་ཐུབ་དབང་གཙོ་འཁོར་དང། རྒྱན་དྲུག་མཆོག་གཉིས། བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་སྲོལ་གཏོད་པ་པོ། རིགས་གསུམ་མགོན་པོ། མེས་དཔོན་རྣམ་གསུམ་སོགས་ཀྱི་སྣང་བརྙན་གསོན་ཉམས་ལྡན་ལ་ཚོན་མདངས་བཀྲ་བ་བཞེངས་ཡོད་པ་དང། སྐུ་བརྙན་དེ་དག་གི་མཐའ་བསྐོར་དུ་སྤྲིན་དང་། རི་བོ། ལྗོན་ཤིང། བྱ་བྱིའུ། རི་དྭགས། འབབ་ཆུ། མཆོད་པའི་བྱེ་བྲག་སྣ་ཚོགས་སོགས་བཞེངས་ཡོད་པས་ཡིད་དབང་མེད་དུ་འཕྲོག་གི་ཡོད། བཅོ་ལྔ་མཆོད་པ་ནི་གཙོ་བོ་མར་ཚོན་གྱི་མཆོད་པ་ཡིན་སྟབས། བོད་མིའི་ངག་རྒྱུན་དུ་བཅོ་ལྔ་མཆོད་པ་གྱོང་པོ་ཡོད་ན། ཉི་མོའི་དགུང་ལ་དོན་ཤོག་ཅེས་ཟེར་སྲོལ་ཡོད་པ་རེད། དགོང་དྲོ་ས་སྲིབ་ཀྱི་མཚམས་སུ་གཟིམ་སྦྱོང་དམག་མི་བཀྲམས་ནས་ཐག་རྒྱ་བསྡམས་ རྗེས། ༸གོང་ས་མཆོག་དང། བཀའ་བློན་སོགས་ཀྱིས་མཆོད་གཟིགས་གནང་གི་ཡོད་པ་དང། དེ་རྗེས་ཐག་རྒྱ་གློད་པ་དང་མང་ཚོགས་རྣམས་དགའ་དད་སྤྲོ་གསུམ་དང་འཚང་ག་ཤིག་ཤིག་ངང་ནས་མཆོད་པ་མཇལ་དུ་འགྲོ་ཡི་ཡོད། སྤྱིར་བཏང་སྨོན་ལམ་གྱི་དུས་ཡུན་རིང་ལྷ་སའི་གླིང་སྐོར་ནང་མར་གཞས་ཞབས་བྲོ་འཁྲབ་མི་ཆོག་ནའང་། དམིགས་བསལ་ཉིན་འདིར་ལྷ་སའི་ཉེ་འདབས་ཀྱི་ཞིང་པ་ཚོས་ནམ་མ་ལངས་བར་གཞས་དང་ཞབས་བྲོའི་མཆོད་པ་འབུལ་གྱི་ཡོད།